Saturday, August 3, 2013

Translation methods

Since I graduated from Tibetan Medical and Astro. College, I have engaged in translation work. Translation is said to be like a women; when she is faithful, she is not beautiful; when she is beautiful, she is not faithful. We do not know the reflection of the statement under what circumstance does it happen unless we do translation work. I have written an article (in Tibetan) reflecting my experience on translation work.  

ཡིག་སྒྱུར་བྱ་བའི་ཐེམ་སྐས།

ཡིག་སྒྱུར་བྱ་བའི་ལས་རིགས་ནང་དཀའ་ངལ་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད། བསྒྱུར་བྱའི་སྐད་ཡིག་དང་གང་དུ་བསྒྱུར་བའི་སྐད་ཡིག་གཉིེས་ཀྱི་རང་བཞིན་ཇི་ཙམ་འདྲ་བ་ཡོད་ན་དེ་ཙམ་གྱིས་བསྒྱུར་ལས་སླ་བ་ཡོད། དཔེར་ན་རྒྱ་གར་སྐད་ཡིག་དང་བོད་ཡིག་གཉིས་ཀྱི་བར་ལ་མ་བུ་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད་པས་དེ་གཉིས་ཕན་ཚུན་བསྒྱུར་རྒྱུ་ལས་སླ་བ་ཡོད། ཨིན་ཡིག་དང་བོད་ཡིག་གཉིས་ལ་ཤ་ཁྲག་གི་འབྲེལ་བ་མེད་ལ་ལོ་རྒྱུས་ཀྱི་འབྲེལ་བ་ཡང་དེ་ཙམ་བྱུང་མེད་དུས་དེ་གཉིས་ཕན་ཚུན་བསྒྱུར་རྒྱུ་ཅུང་དཀའ་བར་ཡོད་སྙམ། འཛམ་གླིང་འདིའི་ནང་མི་རིགས་མི་འདྲ་སྣ་ཚོགས་ཡོད་ལ་དེ་དང་མཚུངས་པའི་སྐད་ཡིག་མི་འདྲ་བ་ཡོད། སྐད་ཡིག་སོ་སོའི་ནང་མི་རིགས་དེའི་རིག་པའི་གཞུང་ལུགས་ཀྱི་ཐུན་མིན་ཁྱད་ཆོས་དང་ལྟ་གྲུབ་སོགས་ཀྱི་བརྡ་དང་ཐ་སྙད་སྣ་ཚོགས་ཡོད། དེ་དག་གོ་དོན་མ་འཁྲུགས་པར་གོ་བདེ་བརྗོད་བདེ་ཞིག་ལ་བསྒྱུར་དགོས་དུས། དོན་ལ་གནས་ཚེ་སྙན་ཆ་མི་ལྡན་པ། སྙན་ཆ་ལྡན་དུས་དོན་ལ་མི་གནས་པ་སོགས་ཀྱི་དཀའ་ངལ་ཇི་སྙེད་ཅིག་མཆིས། གནད་དོན་དག་ལ་བགྲོ་གླེང་དང་སྦྱངས་བཤད་བྱས་ན་བཙན་བྱོལ་སྤྱི་ཚོགས་ནང་ཡིག་སྒྱུར་གྱི་བྱ་བ་འཕེལ་རྒྱས་སུ་འགྲོ་བའི་ལམ་ཁ་ཆེན་པོ་ཞིག་ཕྱེ་བར་བསམ། ང་ཚོ་བོད་མི་རིགས་ལ་མཚོན་ན་སྔར་ནང་པ་སངས་རྒྱས་པའི་བསྟན་པ་མི་རབས་ནས་མི་རབས་བར་བོད་སྐད་དུ་བསྒྱུར་གནང་མཛད་པས་ལོ་ཙཱ་བའི་ལས་ལ་ཉམས་མྱོང་ཆེན་པོ་བསགས་གནང་ཡོད་པ་ཚང་མས་ཤེས་གསལ་རེད། སྒྲ་སྦྱོར་བམ་གཉིས་ལྟ་བུ་ནི་ལོ་ཙཱའི་ཉམས་ཡིག་ཡིན་ལ་ཡིག་སྒྱུར་གྱི་དཀའ་ངལ་སེལ་བའི་ལྟེ་མིག་ཡིན། དེ་དག་གཞིར་བཟུང་ནས་ཡིག་སྒྱུར་བྱས་ན་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པས་འདིར་སྤྱི་ཡི་བསྒྱུར་ཐབས་དང་བྱེ་བྲག་གི་བསྒྱུར་ཐབས་གཉིས་སུ་དབྱེ་ནས་བཤད་པར་བྱའོ།

དང་པོ་སྤྱི་ཡི་བསྒྱུར་ཐབས་བཤད་པ།


 ཐོག་མར་མ་ཡིག་ལ་སློབ་སྦྱོང་བྱེད་པ། ལོ་ཙཱ་བའི་བྱ་བ་དེ་ལན་སྐྱེལ་མཁན་གྱི་ལས་དང་འདྲ་སྟེ། དང་པོ་གང་གསུངས་པ་རྣམས་རྣ་བས་ལེགས་པར་ཉན་པ་དང་ཡིད་ཀྱིས་རྟོགས་པར་བྱས་ཏེ་གཞི་ནས་ད་ལན་སྤྲོད་དགོས་ཀྱི་ཡོད། དོན་ཆ་ཚང་མ་གོ་བའམ་མ་རྟོགས་པ་ཡིན་ན་ལན་ཆ་ཚང་ཞིག་སྐྱེལ་ཐུབ་ཀྱི་མེད་པ་ང་ཚོ་ཚང་མས་ཧ་གོ་དོན་གསལ་རེད། དཔེ་དེ་བཞིན་རྩོམ་ཡིག་གང་ཞིག་མ་བསྒྱུར་བའི་སྡོན་དེ་ལ་སློབ་སྦྱོང་བྱ་དགོས་པ་ཡིན། ཁྱད་པར་དུ་གཞུང་ཆེན་ཁག་བསྒྱུར་དགོས་ན་ངེས་པར་དུ་བསྒྱུར་བྱའི་གཞུང་ལུགས་ལ་ལོ་མང་སློབ་སྦྱོང་མཐིལ་ཕྱིན་པ་བྱས་ཏེ་ཡིག་སྒྱུར་བྱ་དགོས་པ་ལས་ཚིག་མཛོད་ཙམ་ལ་བརྟེན་ནས་ལོ་ཙཱ་བའི་བྱ་བ་ལ་ཞུགས་ན་ལོག་རྟོག་སྣ་ཚོགས་སྤེལ་སྲིད་པ་ཡིན། དེས་ན་བསྒྱུར་བྱའི་གཞུང་ལུགས་དང་སྐབས་བབ་ཀྱི་དགོངས་དོན་གང་ཡིན་པ་ཡིད་ལ་ཁྲ་ལྷ་མེར་འཆར་བ་བྱས་ནས་བསྒྱུར་དགོས་རྒྱུ་ནི་གནད་ཀྱི་དམ་པ་ཞིག་ཡིན།

 དེ་སྔོན་བསྒྱུར་ཟིན་པའི་རྩོམ་ཡིག་ལ་བལྟ་ཀློག་བྱེད་པ། གཞུང་ལུགས་ཆེན་པོ་ཞིག་བསྒྱུར་དུས་གཞུང་དེ་ཆ་ཚང་བསྒྱུར་བ་མེད་ཀྱང་དེའི་ཆ་ཤས་སམ་དེ་དང་རིགས་འདྲ་བ་མང་པོ་བསྒྱུར་བ་ཡོད་སྲིད་པས་དེ་དག་གི་བསྒྱུར་སྟངས་དང་ཁྱད་པར་གྱི་བརྡ་ཆད་བཀོལ་སྤྱོད་སོགས་ལ་བལྟ་ཀློག་དང་ཞིབ་བསྡུར་བྱས་ཏེ་ལེགས་པའི་ཆ་རྣམས་གང་མང་བསྡུ་ལེན་བྱེད་ཐུབ་ན་དགེ་ལས་སྐྱོན་མི་མཐོང་ངོ་། 

 པར་རྩ་ལ་ཞིབ་འཇུག་བྱེད་པ། དུས་སྔ་ཕྱི་དང་པར་སྐྲུན་ཁང་མི་འདྲ་བའི་དབང་གིས་པར་རྩ་ཡང་མི་འདྲ་བ་སྣ་ཚོགས་ཤིག་ཡོད། པར་རྩ་དེ་དག་ལ་ཞིབ་འཇུག་བྱས་ཏེ་ཁུངས་དག་ཤོས་དེ་ལ་གཞི་བཅོལ་ནས་བསྒྱུར་དགོས་པར་བསམ།

 རང་གིས་བསྒྱུར་བའི་རྩོམ་ཡིག་ཡང་ཡང་བསྐྱར་ཞིབ་བྱེད་པ། རང་གིས་བསྒྱུར་ཟིན་པའི་རྩོམ་ཡིག་དེ་ཡང་ཡང་ཀློག་ནས་བརྗོད་མི་བདེ་བ་དང་གོ་མི་བདེ་བའི་རིགས་སྐབས་ཐོག་བཟོ་བཅོས་བྱས་ཏེ་ཉིན་རེ་བཞིན་ཡར་རྒྱས་གཏོང་དགོས་པ་ལས། ཐེངས་གཅིག་བསྒྱུར་ནས་དེ་མུར་བཞག་ན་ནོར་འཁྲུལ་ཆུང་ཚགས་རིགས་ཀྱང་ཤོར་སྲིད་པས་ལེ་ལོ་གཏན་ནས་བྱ་མི་རུང་། དེ་རིང་བསྒྱུར་བའི་རྩོམ་ཡིག་དེ་སང་ཉིན་ལྟ་དུས་བསྐྱར་བཅོས་བྱེད་དགོས་པ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པས་ཉིན་རེ་བཞིན་ཡར་རྒྱས་གཏོང་ཐབས་ལ་འབད་དགོས་པ་ཡིན།

 མ་སྐད་སྐྱོན་མཁན་གང་མང་བལྟ་ཀློག་བྱེད་དུ་བཅུག་པ། རང་གིས་བསྒྱུར་ཟིན་པའི་རྩོམ་ཡིག་དེ་ཀློག་པ་པོ་ཆེ་གེ་མོ་བལྟ་ཀློག་བྱེད་དུ་བཅུག་དགོས་པ་ཡིན། དཔེར་ན་རང་གིས་རྩོམ་ཡིག་ཞིག་ཨིན་ཡིག་ཐོག་བསྒྱུར་ཡོད་ན་ཨིན་ཇིའི་མི་གང་མང་བལྟ་ཀློག་བྱེད་དུ་བཅུག་སྟེ། གོ་དོན་འཁྲུལ་བ་དང་། གོ་མི་བདེ། བརྗོད་མི་བདེ་བ་སོགས་ཀྱི་སྐྱོན་སེལ་ཐབས་བྱ་དགོས། ལྷག་པར་དུ་རང་གིས་བྱིས་སྒྲུང་ཞིག་བསྒྱུར་ཡོད་ན་བྱིས་པ་ཚོས་གོ་ཐུབ་མིན་བལྟ་ཚོད་བྱེད་དགོས་པའང་གལ་ཆེར་མཐོང་ངོ་།

 མཐར་ཞུ་དག་གཏོང་བ། རང་ངོས་ནས་རྩོམ་ཡིག་དེ་ལ་ནོར་འཁྲུལ་མཐོང་རྒྱུ་མི་འདུག་ན་ད་གཟོད་གཞི་ནས་ཞུ་དག་གཏོང་མཁན་ལ་འབུལ་དགོས། ལེ་ལོའི་གཞན་དབང་དུ་སོང་ནས་རྩོམ་ཡིག་རོབ་ཙམ་བསྒྱུར་ནས་ཞུ་དག་མཁན་ལ་ཕུལ་ན་ཆད་ལྷག་འཁྲུལ་གསུམ་གྱི་སྐྱོན་ཆ་གང་མང་ལྡན་སྲིད་པས་ཞུ་དག་ལེགས་པ་ཞིག་ཡོང་བར་དཀའ། ཞུ་དག་དེ་ལའང་རིགས་གཉིས་སུ་དབྱེ་ཆོག་སྟེ་དོན་དག་ཞུ་དག་དང་བརྡ་དག་ཞུ་དག་བྱེད་དགོས་པ་རེད། དང་པོ་གཞུང་གི་དགོངས་པ་ལ་ཏག་ཏག་གནས་ཡོད་མེད་ཞུ་དག་གནང་དགོས་པ་དང་དེ་རྗེས་བརྡ་དག་མཁས་པས་ཚིག་སྦྱོར་དང་འཕྲད་སྦྱོར་ཚུལ་སོགས་ལ་ཞུ་དག་གཏོང་དགོས་པ་ཡིན། དཔེར་ན་རང་གིས་རྩོམ་ཡིག་དེ་རྒྱ་ཡིག་ནང་བསྒྱུར་ཡོད་ན་རྒྱ་མི་ཡིན་པ་གང་ཡིག་རྒྱ་ཡིག་ལ་མཁས་པ་ཞིག་གིས་ཞུ་དག་དགོས་གལ་མཐོང་།

གཉིེས་པ་བྱེ་བྱག་ཐ་སྙད་བསྒྱུར་ཐབས་བཤད་པ།
 ཐ་སྙད་དོན་སྒྱུར་བྱེད་པ།
ཐ་སྙད་གང་ཞིག་ཕབ་སྒྱུར་བྱེད་སྐབས་ཐ་སྙད་དེའི་འབྱུང་ཁུངས་ལ་ངེས་པར་དུ་ཞིབ་འཇུག་བྱ་དགོས་པ་དང་མིང་གཅིག་དོན་མང་ལ་འཇུག་པ་མང་བ་སོགས་སྐབས་དོན་གང་ཡིན་པ་དེ་ལ་བསམ་གཞིག་བྱས་ཏེ་ཡོངས་གྲགས་ཀྱི་ཐ་སྙད་ཅིག་མེད་ན་དང་ཐོག་ཐ་སྙད་དེ་དོན་སྒྱུར་བྱ་ཐབས་ལ་འབད་དགོས་པ་ཡིན། ཐ་སྙད་དོན་སྒྱུར་བྱས་ན་གང་དུ་བསྒྱུར་བའི་སྐད་ཡིག་གི་འགྲོས་དང་མཐུན་པ། ཡིད་ལ་འཇུག་བདེ་བ། ཅུང་ཟད་གོ་བདེ་བའི་ཟབ་ཁྱད་ལྡན་པར་མངོན། རྒྱ་གར་གྱི་སྲོལ་རྒྱུན་སྨན་གཞུང་རེ་ཟུང་ཨིན་ཡིག་ནང་དུ་བསྒྱུར་འདུག་པ་དེ་ཚོའི་ནང་ནད་མིང་ཇི་སྙེད་ཅིག་སྒྲའམ་གཟུགས་སོར་བཞག་བྱས་འདུག་པས་ཀློག་པ་ཙམ་གྱིས་ཉོབ་སྣང་སྐྱེ་གཞིར་གྱུར་འདུག་པས་དང་ཐོག་ཐ་སྙད་དོན་སྒྱུར་་བྱ་རྒྱུའང་གལ་ཆེར་མངོན། དོན་སྒྱུར་ནི་བྱ་དངོས་གང་ཞིག་གི་ཁྱད་ཆོས་དང་། བྱེད་ལས། ཁ་དོག དབྱིབས་སོགས་ལ་བལྟོས་ནས་གང་དུ་བསྒྱུར་བའི་ཡིག་རིགས་ཀྱི་འགྲོས་དང་མཐུན་པ་སྒྱུར་བ་ལ་གོ དཔེར་ན་དེང་སྐབས་དར་ཁྱབ་ཆེ་བའི་ན་ཚ་AIDS ལྟ་བུ་ནད་ཀྱི་ངོ་བོ་སྲིན་ཡིན་པ་གང་ཞིག་ལུས་ཕན་ཚུན་རེག་པ་ལས་དུག་གམ་སྲིན་དེ་འགོས་ཁྱབ་བྱུང་བའི་རྒྱུ་མཚན་གྱིས་གཉན་ནད་རེག་དུག་ཅེས་དོན་སྒྱུར་གནང་བར་བསམ། 

 ཐ་སྙད་ཐད་སྒྱུར་བྱེད་པ། ཐད་སྒྱུར་ནི་མ་ཡིག་གི་ཚིག་དོན་ཇི་མ་ཇི་བཞིན་བསྒྱུར་བ་དེ་ལ་ཟེར། ཐ་སྙད་གང་ཞིག་གང་དུ་བསྒྱུར་བའི་སྐད་ཡིག་ནང་འདྲ་མཚུངས་ཤིག་མེད་པའམ་དོན་སྒྱུར་བྱེད་མི་ཐུབ་ཚེ་ཚིག་དོན་ཇི་བཞིན་བསྒྱུར་ནས་མཆན་འགྲེལ་བཀོད་ཐུབ་ན་དོན་གང་ཡིན་འཁྲུལ་མེད་བརྡ་སྤྲོད་ཐུབ་པའི་དགོས་དབང་མཆིས། དཔེར་ན་བོད་ལུགས་གསོ་རིག་གི་གཞུང་ལུགས་ནང་དུ་བསྟན་པའི་ཚ་བའི་ནད་རིགས་མ་སྨིན་ཚ་བ་དང་། རྒྱས་ཚད། གབ་ཚད་ལྟ་བུ་ཨིན་ཡིག་ནང་སྒྱུར་སྐབས་དེ་དག་གི་གོ་དོན་སྟེར་ཐུབ་པའི་ཐ་སྙད་ཅིག་རྙེད་རྒྱུ་མེད་པས། མ་སྨིན་ཚ་བ་ unripened hot disorder, རྒྱས་ཚད་ལ་ acute hot disorder, རྙོགས་ཚད་ལ་ turbid hot disorder སོགས་ཐད་སྒྱུར་ཞུས་ན་ལེགས་པར་མཐོང་།

དེ་ལྟར་ཐ་སྙད་སྒྱུར་སྟངས་མི་འདྲ་གཉིས་ཡོད་པས་བསྒྱུར་བྱའི་མ་ཡིག་གི་ཐ་སྙད་ཅིག་ལ་འགྱུར་གྱི་ཐ་སྙད་མི་འདྲ་གཉིས་བྱུང་སྟེ། དཔེར་ན་རང་རེའི་སྤྱི་ཚོགས་ནང་ཁྱབ་བརྡལ་ཆེ་བའི་ནད་གཞི་hepatitis B ལྟ་བུར་མཚོན་ན་མཆིན་ཚད་ཁ་ཞེས་ཚིག་དོན་ཇི་མ་ཇི་བཞིན་དུ་སྒྱུར་མཁན་རིགས་གཅིག་དང་། ཡང་hepatitis B ཞེས་ནད་དེའི་ངོ་བ་རྟགས་དང་བཅས་པ་དཔལ་ལྡན་རྒྱུད་གཞུང་དུ་བསྟན་པའི་མཆིན་ནད་དུག་ཐབས་ལ་ངོས་འཛིན་ཞུས་ཏེ་སྒྱུར་མཁན་རིགས་གཅིག་ཡོད་པ་རེད། དེ་གཉིས་ལས་མཆིན་ཚད་ཁ་ཞེས་བསྒྱུར་ན་བོད་སྐད་ནང་ཐ་སྙད་ཅིག་གསར་སྣོན་བྱས་པས་གོ་མི་བདེ་སོགས་བྱུང་སྲིད་ཀྱང་ལོག་རྟོག་སྤེལ་བ་དང་འཁྲུལ་བའི་ཉེན་ཁ་ཆུང་། མཆིན་ནད་དུག་ཐབས་ཞེས་བསྒྱུར་ན་བོད་ལུགས་གསོ་རིག་རྒྱུད་འཛིན་སྨན་པ་རྣམས་པས་བདེ་ལག་ཏུ་གོ་ཐུབ་པ་དང་འགྲེལ་ཐུབ་པ་མ་ཟད་བོད་ལུགས་གསོ་བ་རིག་པའི་གཏིང་ཟབ་ཀྱི་ཁྱད་ཆོས་ཀྱང་མངོན་པར་བྱེད་ཐུབ་ཀྱི་ཡོད་ཀྱང་འཁྲུལ་བའི་ཉེན་ཁ་ཆེ།

ཡང་དོན་སྒྱུར་རམ་ཐད་སྒྱུར་བྱེད་སྐབས་གང་དུ་བསྒྱུར་བའི་སྐད་ཡིག་ལ་ཐུགས་སྣང་དགོས་གལ་མཐོང་སྟེ། དཔེར་ན་oxygen བོད་སྐད་དུ་སྲོག་རླུང་དང་འཚོ་རླུང་ཞེས་འགྱུར་མི་འདྲ་གཉིས་བྱུང་ཡོད། སྲོག་རླུང་ཞེས་བསྒྱུར་ན་བོད་ལུགས་གསོ་རིག་གཞུང་ལ་བསྟན་པའི་སྲོག་རླུང་ལ་གོ་བ་ལོག་སྒྲུབ་ཆགས་སྲིད་པས་འཚོ་རླུང་ཞེས་པའི་འགྱུར་དེ་ལེགས་པར་མངོན་ནོ། དེས་ན་ཐ་སྙད་གང་ཞིག་སྐད་ཡིག་གང་དུ་བསྒྱུར་བའི་ཚེ་མ་ཡིག་གི་དགོངས་དོན་མ་འཆོལ་བ་གང་ཞིག་གང་དུ་བསྒྱུར་བའི་སྐད་ཡིག་དེའི་བརྡའམ་ཐ་སྙད་དང་འཁྲུལ་ཆ་མི་ཡོང་བ་ཞིག་དགོས་གལ་མཐོང་།

 ཐ་སྙད་སོར་བཞག་བྱེད་པ།
ཐ་སྙད་སོར་བཞག་བྱེད་ཚུལ་དེ་ལ་སྒྲ་སོར་བཞག་བྱེད་པ་དང་གཟུགས་སོར་བཞག་བྱེད་པ་གཉིས་ཡོད། སྒྲ་སོར་བཞག་བྱས་ན་ཀློག་བདེ་བ་དང་། གང་དུ་བསྒྱུར་བའི་སྐད་ཡིག་དེའི་ཐ་སྙད་ཅིག་ཆགས་སྲིད་པའི་དགེ་མཚན་ཡོད་མོད། དཔེར་ན་གཡག་ལ་ yak ཞེས་སྒྲ་སོར་བཞག་བྱས་པས་དེང་སྐབས་རྒྱལ་སྤྱིའི་ཐ་སྙད་ཅིག་ཏུ་གྱུར། འོན་ཀྱང་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དེ་བཞིན་ཨིན་ཡིག་ནང་སྒྲ་སོར་བཞག་བྱས་ནས་འབྲི་སྲོལ་ཡོད་ཀྱང་ཡོངས་གྲགས་ཀྱི་ལམ་ལུགས་ད་ལྟ་བར་བྱུང་མེད། དཔེར་ན་མཛོ་ལ་ dzho, zho, zo སོགས་ལྟ་བུའོ། གཟུགས་སོར་བཞག་བྱས་ན་ཐ་སྙད་དེའི་ངོ་བོའམ་ཁུངས་མི་བརླག་པ་དང་། གཅིག་འགྱུར་གྱི་འབྲི་སྲོལ་ལམ་ལུགས་ཡོད་ཀྱང་ལམ་ལུགས་དེར་མ་སྦྱངས་ན་འབྲི་མི་ཤེས་པ་མ་ཟད་ཀློག་ཀྱང་ཤེས་ཀྱི་མེད། བོད་གངས་ཅན་ལྗོངས་སུ་སྒྲ་སོར་བཞག་བྱེད་སྲོལ་སྔོན་དུ་དར་ཁྱབ་བྱུང་བ་དང་རྗེས་སུ་གཟུགས་སོར་བཞག་བྱེད་པའི་སྲོལ་དར་ཁྱབ་བྱུང་ཡོད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཆོད་སྡོམ་དེ་ལྟར་གནང་ཡོད་དེ། ཐུ་མི་ནས་སྐ་ཅོག་ཞང་གསུམ་གྱི་སྐུ་ཚེའི་སྟོད་ཀྱི་བར་དུ་སོར་བཞག་རྣམས་མ་ཡིག་གི་རང་སྒྲ་ཐོན་ཙམ་དུ་འབྲི་བའི་སྲོལ་ཡོད་པ་ལ་སྒྲ་སྒྱུར་གྱི་ལོ་པཎ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་མཛད་འཕྲིན་རྒྱས་བཞིན་པའི་དུས་སྐབས་དེ་ནས་བཟུང་གཟུགས་སོར་བཞག་བྱེད་པའི་སྲོལ་ཆེས་ཆེར་དར་བ་དེ་ནི་སོར་བཞག་རྣམས་རང་སྒྲ་གང་ཐོན་ཙམ་སོར་བཞག་བྱེད་པ་ནས་གཟུགས་སོར་བཞག་བྱེད་པའི་དུས་རིམ་དུ་འཕོ་འགྱུར་བྱུང་བ་ཡིན་ཏེ།   ལེགས་སྦྱར་གཙང་སིང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་ངོ་།[1] དེ་ལྟར་ན་གཟུགས་སོར་བཞག་བྱས་ན་དགོས་དབང་ཆེ་བར་མངོན་འདུག་པས་མིའི་མིང་དང་ཡུལ་གྱི་མིང་སོགས་སྒྲ་སོར་བཞག་དང་། དེ་མིན་གྱི་ཐ་སྙད་རྣམས་སོར་བཞག་བྱ་དགོས་ཚེ་གཟུགས་སོར་བཞག་བྱས་ན་ལེགས་པར་མཐོང་ངོ་།

བོད་ཀྱི་བརྡ་དང་ཐ་སྙད་ཨིན་སྐད་དུ་གཟུགས་སོར་བཞག་བྱས་ནས་ཡོངས་གྲགས་ཀྱི་འབྲི་སྟངས་ཤིག་དར་ཁྱབ་བྱུང་ཡོད་ཀྱང་། ཨིན་ཡིག་ནས་བོད་ཡིག་ཏུ་གཟུགས་སོར་བཞག་བྱེད་པའི་ཡོངས་གྲགས་ཀྱི་ལམ་སྲོལ་ཞིག་མེད་པས་ངེས་པར་དགོས་གལ་མཐོང་། གཞིས་བཞུགས་བོད་ཀྱི་མཁས་དབང་རྣམས་པས་རྒྱ་བོད་གཉིས་ཀྱི་སྒྲ་སྒྱུར་བྱེད་སྟངས་ལ་དགོངས་པ་དེ་འདྲ་ཞིག་བཞེད་འདུག བོད་མདོ་དབུས་ཁམས་གསུམ་གྱི་སྒྲ་འདོན་སྟངས་མི་འདྲ་བར་བརྟེན། སྒྲ་སྒྱུར་བྱེད་སྐབས་མིང་བརྡའི་ཡི་གེ་གཅིག་འགྱུར་མི་ཡོང་བའི་རྣམ་པ་ཐོན་བཞིན་ཡོད། སྐྱོན་ཆ་དེ་དག་འགོག་པ་དང་མིང་བརྡ་གསར་མགྱོགས་མྱུར་ཁྱབ་སྤེལ་འགྲོ་ཆེད། རྒྱ་བོད་ཚིག་མཛོད་ཆེན་མོའི་མཇུག་ཏུ་རྒྱ་བོད་སྒྲ་མདངས་ཤན་སྦྱར་རེའུ་མིག་ལྟར་བསྒྱུར་རྒྱུ་གལ་ཆེན་ཡིན།[2]

 སྒྲ་དོན་འདྲེས་སྒྱུར་བྱེད་པ།
སྐབས་འགར་ཐ་སྙད་ཁ་ཤས་སྒྲ་དོན་འདྲེས་སྒྱུར་བྱེད་དགོས་པ་ཡིན། དེ་ཡང་བརྡའམ་ཐ་སྙད་ཁ་ཤས་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་རམ་ཐད་སྒྱུར་བྱས་ན་གོ་དོན་ལེགས་པར་སྤྲོད་ཐུབ་པའི་དགེ་མཚན་ཡོད། དཔེར་ན་Alzheimer’s disease ཞེས་པའི་ནད་དེ་ནི་ཀླད་པའི་བྱེད་ལས་ཉམས་ཏེ། དྲན་པ་ཉམས་པ་དང་སྨྲ་བ་ལྐུགས་པ་སོགས་ཀྱི་ནད་རྟགས་ལྡན་ལ་ལོ་ན་རྒན་པའི་རིགས་ལ་བྱུང་མང་བའི་ནད་གཞི་ཞིག་ཡིན། ༡༩༠༦ལོར་ཇར་མ་ནིའི་སེམས་ཁམས་རིག་པ་སྨྲ་བ་་Alios Alzheimer ལགས་ཀྱིས་ཐོག་མར་ནད་དེ་ངོས་འཛིན་གནང་བར་བརྟེན་ནས་ཡོངས་གྲགས་སུ་སྨན་པའི་མིང་ནད་ཀྱི་མིང་དུ་གྱུར་བ་རེད། དེ་ལྟར་ན་Alzheimer’s ཞེས་ཨལ་ཛིའི་མཱར་ལ་སྒྲ་སྒྱུར་དང་ disease ཞེས་ཡོངས་གྲགས་སུ་ནད་ལ་འཇུག་པས་ཨལ་ཛིའི་མཱར་ནད་ཅེས་སྒྲ་དོན་འདྲེས་སྒྱུར་བྱས་པ་ལྟ་བུའོ།
མདོར་ན་ཐ་སྙད་གང་ཞིག་སྒྲ་དོན་གང་རུང་ལ་སྒྱུར་དགོས་མིན་དེ་ཐོག་མར་དོན་སྒྱུར་བྱ་ཐབས་དང་། དེ་ནས་ཐད་སྒྱུར་བྱ་ཐབས། དེ་གཉིས་ཀ་བྱ་མ་ཐུབ་པའི་ཚེ་སོར་བཞག་བྱེད་དགོས་པར་བསམ།

ཞོར་འཕྲོས། བརྡ་འམ་ཐ་སྙད་གང་ཞིག་གསར་དུ་གཏན་ལ་འབེབས་མཁན་ངེས་པར་དུ་ཤེས་ཡོན་ཅན་གྱི་མི་སྣ་ཞིག་ཡིན་དགོས་པའི་ངེས་པ་མེད་དེ། དཔེར་ན་CD (compact disc) ཞེས་པའི་ཨིན་ཡིག་གི་ཐ་སྙད་དེ་བོད་སྐད་དུ་ལུག་རྗི་བ་ཞིག་གིས་དབྱིབས་དང་ཁ་དོག་གི་སྒོ་ནས་འོད་སྡེར་ཞེས་ཐ་སྙད་གསར་དུ་སྦྱར་བས་དེང་སྐབས་CD ལ་འོད་སྡེར་ཞེས་ཡོངས་གྲགས་སུ་སྒྱུར་བཞིན་ཡོད་དོ།

སླད་ཀྱི་ཞུ་དོན། སྔར་བོད་ཀྱི་ལོ་པཎ་རྣམས་པས་བསྒྱུར་གྱི་དཀའ་ངལ་སེལ་ཐབས་ཇི་འདྲའི་མང་པོ་གནང་ཡོད་ཀྱང་མདོར་བསྡུས་ན། དེའི་ཚེ་དེའི་དུས་ན་ཡིག་སྒྱུར་བྱེད་སྐབས་རྒྱ་བོད་ལོ་པཎ་གཉིས་སྟན་ཐོག་གཅིག་ལ་བསྡད། གོ་བསྡུར་ལྷུག་པོ་གནང་། ཡིག་སྒྱུར་གྱི་ལམ་ལུགས་གཞིར་བཟུང་ནས་ལོ་ཆེན་རིམ་བརྒྱུད་ཡིག་སྒྱུར་གནང་བ་དང་། མཐར་ཡོངས་སུ་གྲུབ་པའི་རྗེས་ཞུ་ཆེན་གྱིས་ཞུ་དག་གནང་སྟེ་པར་སྐུན་གནང་གི་ཡོད་པས་འགྱུར་དེ་སྙན་ཆ་ལྡན་པ་མ་ཟད་ཆད་ལྷག་འཛོལ་གསུམ་གྱི་སྐྱོན་དང་བྲལ་བ་ཞིག་བྱུང་བར་སྙམ། འོན་ཀྱང་དེང་སྐབས་ཡིག་སྒྱུར་བ་ཕལ་མོ་ཆེ་ལོ་ཙཱ་བ་ཙམ་ལས་པཎྜི་ཏ་ཞིག་མ་ཡིན་པ་མ་ཟད། རང་ཉིད་གཅིག་པུའི་ནུས་སྟོབས་ལ་བརྟེན་ཏེ་ཡིག་སྒྱུར་བྱ་དགོས་སྟབས་སྔར་ལོ་པཎ་རྣམས་པའི་ཡིག་སྒྱུར་གྱི་ཚད་གཞིར་སླེབས་མེད་པར་སྙམ། དེར་བརྟེན་ང་ཚོས་སྔར་གྱི་ལོ་པཎ་རྣམས་པའི་ཡིག་སྒྱུར་གྱི་ལམ་ལུགས་ལ་སློབ་སྦྱོང་དང་ཉམས་ལེན་གང་ཐུབ་ཅི་ཐུབ་བྱས་ན་བཙན་བྱོལ་སྤྱི་ཚིགས་ནང་ཡིག་སྒྱུར་གྱི་རྦ་རླབས་ཤིག་མཁའ་དབྱིངས་སུ་འཕྱོ་ཐུབ་པའི་སྨོན་འདུན་དང་བཅས། བོད་ཀྱི་སྨན་རྩིས་ཁང་གི་དཔེ་དེབ་དང་པར་སྐྲུན་སྡེ་ཚན་གྱི་སྨན་པ་ནོར་ཆུང་ནས་བྲིས་པ་དགེའོ།
ཁུངས་འདྲེན་དང་གཞི་བཅོལ་སའི་ཡིག་ཆ།



[1]  བསོད་ཆོས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་ཙཱའི་རྣམ་བཤད་སྐོར་མདོ་ཙམ་གླེང་བ། ཕྱི་ལོ་༢༠༡༣ ཟླ་བ་  ཚེས་ ༢༤ ལ་ཁམས་པའི་དྲ་བ་ལས་ཕབ་ལེན་ཞུས།
[2] འབྲུག་ལྷ་རྒྱལ། རྒྱ་བོད་ཡིག་སྒྱུར་གྱི་སློབ་དེབ་བློ་གསལ་སྒྲོན་མེ། ཤོག་ངོས་༡༧༢ མི་རིགས་དཔེ་སྐྲུན་ཁང། ༢༠༠༩

སྐྱིད་ལུས་རྩོམ་སྒྲིག་པ། སྒྲ་སྦྲོར་བམ་གཉིས་ཚན་བཤུས། བོད་ལྗོངས་བོད་སྐད་ཡིག་དྲྭ་རྒྱ།  མཐའ་མའི་ལྟ་ཚེས་ ༢༠༡༣ ཟླ་བ་ ༠༧ ཚེས་ ༣༠ ཉིན་









No comments:

Post a Comment

when you read my blog, definitely you feel something which I humbly request you to leave here